མདུན་ཤོག །

@ @

མཛད་རིམ་དང་གསར་འགྱུར།

@ @

@

@

རྒྱལ་དབང་ཀརྨ་པ་མཆོག་ནས་དུས་དྲན་མཛད་སྒོ་འདིར་སྩལ་བའི་བཀའ་སློབ

@

      ༄༅༎ སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ཡ་གྱལ། འགྲོ་མགོན་དྭགས་པོའི་བཀའ་བརྒྱུད་ཀྱི་ནང་ཚན་ཀརྨའི་བཀའ་བརྒྱུད་ཀྱི་བསྟན་པའི་

      སྲོལ་འབྱེད་ཆེན་མོ་དཔལ་ལྡན་དུས་གསུམ་མཁྱེན་པ་ཕྱི་ལོ་ 1110 ལོར་སྐུ་བལྟམས་ནས་ད་བར་ལོ་ངོ་དགུ་བརྒྱ་ཧྲིལ་པོར་འཁོར་ཞིང་།

      ཀཾ་ཚང་བཀའ་བརྒྱུད་ཀྱི་དགོན་སྡེ་དང་ཆོས་ཚོགས། བུ་སློབ་ཆོས་མཆེད་རྣམས་ཚོམ་བུ་གཅིག་ཏུ་འདུས་ཏེ་ལོ་འཁོར་གཅིག་རིང་དགུ་

      བརྒྱའི་དུས་དྲན་གྱི་མཛད་སྟོན་གཟབ་རྒྱས་གཉེར་རྒྱུ་ཡིན་པ་རེད། འདི་ནི་ཀཾ་ཚང་བཀའ་བརྒྱུད་ཀྱི་ལོ་རྒྱུས་བྱུང་རབས་ཁྲོད་ལམ་ཚད་

      རྡོ་རིང་ཆུང་ངུ་ཞིག་ཡིན་པ་མ་ཟད། དགུ་བརྒྱའི་དུས་དྲན་འདི་ནི་ལོ་ཟླ་མཛུབ་རྩེར་འདྲེན་རྒྱུ་ཙམ་མིན་པར་ཀརྨ་པའི་མཛད་འཕྲིན་

      གྱི་དོན་སྙིང་དང་དེས་བོད་མི་རིགས་ཀྱི་རིག་གནས་ལ་ཤུལ་བཞག་ཅི་ཡོད་དང་། དུས་ཀྱི་མཐར་ཡང་སེམས་ཅན་གྱི་རེ་བ་སྐོང་བའི་ཚུལ་

      སོགས་ལ་མནོ་བསམ་གཏོང་དགོས་པ་འདི་གནད་ཀྱི་དམ་པ་ཡིན་སྙམ།

                                འདས་པའི་ལོ་ངོ་དགུ་བརྒྱའི་རིང་རྗེ་ཀརྨ་པ་ནི་སྨག་རུམ་གྱི་སྒྲོན་མེ་དང་མཚན་གུང་གི་ཟླ་བ་ལྟར་སྐུ་ཡི་སྐྱེ་བ་

      བརྒྱུད་མར་བཞེས་ཏེ་སྐྱོ་ངལ་མེད་པར་གདུལ་བྱ་རྣམས་སྨིན་གྲོལ་དུ་བཀོད་པར་མཛད་ཅིང་། ཁྱད་པར་རྗེ་ཀརྨ་པས་སྲོལ་གཏོད་པར་

      གྲགས་པའི་སྐྱེ་སྤྲུལ་ངོས་འཛིན་གྱི་ལམ་སྲོལ་འདི་ནི་གངས་ཅན་དུ་དར་བའི་ཐུབ་བསྟན་རིས་མེད་པའི་སྲོག་ཟུངས་སུ་གྱུར་པ་མ་ཟད།

      རྒྱལ་སྲས་སེམས་དཔའ་ཆེན་པོ་རྣམས་སེམས་ཅན་བློས་མི་གཏོང་བར་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་པའི་མཚོན་བྱེད་བཟང་པོ་

      ཞིག་ལགས་ཤིང་།  སྤྱིར་ཐོག་མ་མེད་པའི་དུས་ནས་ཚད་མེད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། བྱང་ཆུབ་སེམས་དཔའ་བགྲང་

      ཡས་པ་མི་མཇེད་ཀྱི་ཞིང་འདིར་རྟག་ཏུ་འགྲོ་བའི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཏེ་ཐར་པའི་ལམ་སྟོན་བཞིན་བཞུགས་ཀྱང་། ཚུར་

      རོལ་མཐོང་བའི་སྐྱེ་བོ་རྣམས་ཀྱིས་རྟོག་དཔྱོད་འཇུག་པ་ཤིན་ཏུ་ཉུང་ལ། རྗེ་ཀརྨ་པའི་ཕྲིན་ལས་འདིས་བྱང་ཆུབ་སེམས་དཔའ་འཁོར་བ་

      ན་གནས་ཤིང་སེམས་ཅན་གྱི་དོན་མཛད་པའི་ཚུལ་གསལ་བར་མཛད་ཅིང་། ཁྱད་པ་ན་རིམ་ཕལ་མོ་ཆེས་སྐུ་མ་འདས་གོང་ཕྱི་མ་གར་

      འཁྲུངས་ཀྱི་བརྟག་ཡིག་དང་། འདས་རྗེས་ཀྱི་རྣམ་ཐར་བར་དོ་མ། ཡེ་ཤེས་གཟིགས་དཔྱད་ལ་བརྟེན་ཏེ་གང་ཟག་གཞན་གྱི་སྐུ་སྐྱེ་དང་

      སྤྲུལ་སྐུ་ངོས་འཛིན་གནང་བ་སོགས་ཐུན་མིན་གྱི་མཛད་ཆོས་བཟང་པོ་དེས་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་སྐྱེ་བ་བཞེས་པའི་

      སྤྱོད་ཚུལ་དང་འཇིག་རྟེན་པ་རྣམས་ལ་བློ་གྲོས་ཀྱི་སྒོ་འཕར་གསར་དུ་ཕྱེ་བར་མཛད།

                                   སྔོན་ཆད་བཀའ་བརྒྱུད་ཀྱི་ཕྱོགས་འདིར་བླ་མ་གོང་མ་དག་གི་དུས་མཆོད་སྤྲོས་པ་རྒྱས་བསྡུས་དུ་མ་ཡོད་མོད།

      ལོ་བརྒྱ་རེའི་མཚམས་མཛད་སྒོ་གཟབ་རྒྱས་དེ་འདྲ་འཚོགས་སྲོལ་ཡེ་མེད་མོད། སྒྲུབ་བརྒྱུད་ཀྱི་རིང་ལུགས་འདི་གནས་དུས་གང་ཟག་གི་

      དབང་ལས་རྗེས་སུ་འཇུག་པ་རྣམས་གོང་མའི་གདན་ས་དབེན་གནས་རི་ཁྲོད་རྣམས་ལས་རིང་དུ་བྱོལ་ཏེ། རྣམ་གཡེང་དང་འདུ་འཛིས་

      ཁེངས་པའི་ཡུལ་དུ་གནས་བཅས་ཏེ། བཤད་པ་དང་སྒྲུབ་པའི་ཚུལ་ཆེས་ཆེར་ཉམས་པའི་དུས་འདིར། དགུ་བརྒྱའི་དུས་དྲན་ནི་ཉེན་ཟོན་

      གྱི་དྲིལ་བརྡ་ཞིག་དང་འདྲ་བར་རྗེས་འཇུག་རྣམས་ལ་དྲི་མ་མེད་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་བ་ནི་རང་རང་གི་སྐལ་བ་

      མཆོག་ཏུ་ངོ་ཤེས་པས་ཡབ་རྗེ་དམ་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་ཆོས་འདུལ་བའི་ཚུལ་ཁྲིམས་ཉམས་པ་མེད་པའི་སྒོ་ནས།

      སེམས་བསྐྱེད་རྣམ་པར་དག་པའི་བྱང་ཆུབ་ཀྱི་སྤྱོད་ཚུལ་ལ་བསླབས་ཏེ་བཤད་སྒྲུབ་ཉམས་ལེན་གྱི་རྨང་བཟང་པོའི་ཐོག་ནུས་ཚོད་ཀྱིས་

      བསྟན་འགྲོ་ལ་ཕན་འདོགས་པའི་བསྐུལ་མ་ཞུ་རྒྱུ་དང་།

                             དགུ་བརྒྱའི་དུས་དྲན་འདིས་བོད་རིགས་ན་གཞོན་རྣམས་ལའང་ལོ་ངོ་སྟོང་ཕྲག་རིང་བོད་མི་རིགས་ཀྱི་རི་བོ་དང་།

     མཚེའུ། རྩྭ་ཐང་། དྭངས་གཙང་གི་མཁའ་དབྱིངས་སོགས་དང་ལྷན་ཅིག་ཏུ་འབྲེལ་བའི་ལྷད་མེད་ཁོག་ཡངས་ཀྱི་བློ་རྒྱ་སླར་ཡང་རྙེད་དེ།

     ཁ་བ་རི་པའི་རིག་གནས་ཀྱི་སྐྱེ་སྟོབས་དང་དུངས་སེམས་སྙིང་ཁོང་དུ་འཕགས་ཤིང་ཁྲག་རྒྱུན་གྱི་ཁྲོད་དུ་བཞུར་བར་བྱས་ཏེ། དུས་ཀྱི་འཕོ་

     འགྱུར་ལ་བརྟེན་ནས་གཞིས་བྱེས་གཉིས་སུ་གྱེས་པའི་བོད་རིགས་ན་གཞོན་རྣམས་མི་རིགས་རིག་གནས་ཀྱི་ཕ་ས་རང་བྱུང་ཁོར་ཡུག་དང་

     སྤྱི་ཚོགས་ཀྱི་གྲུབ་ཆ་རྣམས་ཡ་བྲལ་དུ་འགྲོ་ཆེས་པས་ངེས་པར་དུ་སློབ་སྦྱོང་ལ་འབད་བརྩོན་དྲག་པོ་བསྐྱེད་དེ། ཤེས་བྱའི་རྣམ་གཞག་གི་རྭ་

     བ་ལས་བརྒལ་ཏེ་མི་རིགས་ཀྱི་རིག་གནས་དང་ཤ་པགས་འདྲེས་པའི་བརྩེ་གདུང་དང་། ཁོར་ཡུག་དང་ཉིན་རེའི་འཚོ་བ་བཅས་འོ་ཆུ་ལྟ་

     བུའི་འབྲེལ་བ་ཟབ་མོ་ཡོང་རྒྱུའི་བསྐུལ་མ་ཞུ་རྒྱུ་དང་།

                                   དེ་བཞིན་དགུ་བརྒྱའི་དུས་དྲན་འདིས་འཛམ་གླིང་ས་གནས་གང་སར་བཞུགས་པའི་སྐྱེ་བོ་རྣམས་ཀྱང་སེམས་

     ཀྱི་འགྲུལ་བཞུད་ལ་ལྷན་ཅིག་ཏུ་ཕེབས་ནས། དུས་རབས་ཉེར་གཅིག་པའི་འཚོ་བ་དང་གནས་སྟངས་ལ་འགྱུར་བ་འདི་མ་ཕྱིན་བྱ་བ་མེད་

     ཀྱང་། ད་དུང་སྡུག་བསྔལ་འདི་ཉིད་འཕོ་འགྱུར་མེད་པར་གང་སར་ཁྱབ་ནས་ཡོད་ཅིང་རང་རེ་ད་ལྟ་ལས་བྲེལ་ཆེ་རུ་ཕྱིན་ཏེ་མི་ཚེ་སྙིང་པོ་

     གང་ཡིན་ལ་བསམ་བློ་གཏོང་ཁོམ་མེད་ལ་ཟུངས་སྟོབས་ཀྱང་ཟད་ཅིང་། ཕྱི་ཚན་རིག་གི་དངོས་པོའི་ཡར་རྒྱས་ཚད་མཐོར་ཕྱིན་ཀྱང་ང་

     ཚོའི་བློ་སྒོ་ཇེ་དམ་དང་བློ་སྣ་ཇེ་ཐུང་དུ་སོང་བས། དུས་དྲན་འདིས་འཛམ་གླིང་ཕྱོགས་མེད་དུ་བཞུགས་པའི་ཆོས་མཆེད་དང་གྲོགས་པོ་

     རྣམ་པར་ཁྱོད་ཀྱི་སེམས་རེ་སྨོན་དང་བསྟོད་དབྱངས་ཀྱི་རོལ་མོ་དང་འགྲོགས་ཏེ། ང་ཚོའི་ཕ་མེས་དང་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་

     རྒྱང་ལྟ་བྱེད་ཅིང་རྟག་བརྟན་གྱི་མཁའ་དབྱིངས་སུ་རང་དབང་གི་གཤོག་འགྱུར་རྩེ་ཞིང་། ལྷད་མེད་དྭངས་གཙང་གི་མགྲིན་སྒྲ་ཀུན་ཏུ་

     སྒྲོགས་པར་སྨོན།། །།

@

@

@